【岭舞】金刚舞

【岭舞】金刚舞2018-08-05T09:50:58+00:00

【岭舞】金刚舞

·音乐/声音 - MV5.8k播放2.1k人气值
发布时间:2018-08-05 17:50

扫码使用新片场app投屏

གླིང་བྲོ་བདེ་ཆེན་རོལ་མོའི་གསལ་བཤད། ༈ གླིང་བྲོ་བདེ་ཆེན་རོལ་མོ་ནི་ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད། འདིར་གླིང་སེང་ཆེན་ནོར་བུ་དགྲ་འདུལ་གྱི་རྣམ་ཐར་སྤྱིའི་གནད་དེ། རྟ་རྒྱུགས། ཧོར་འདུལ། བདུད་འདུལ། སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ། མཛད་ཆེན་བཞི་འདུས་ཡོད། འདི་ལ་རྟེན་འབྲེལ་གྱི་གནད་དང་དགོས་པ་ཁྱད་པར་བ་ཡོད་པས་གངས་ལྗོངས་མཐའ་དབུས་མེད་པར་འཁྲབ་སྟོན་གྱི་སྲོལ་ཞིག་དར་ན་ཡུལ་ཁམས་སྤྱི་ལ་ནད་མུག་འཁྲུག་རྩོད་སོགས་མི་འདོད་པའི་ཉེར་འཚེ་མཐའ་དག་ཞི་ནས་བདེ་སྐྱིད་ཀྱི་ཉི་མ་ཤར་ཞེས་ཁོང་ཉིད་ཀྱིས་གསུངས། འོན་ཀྱང་ཁོང་ཞལ་བཞུགས་པའི་སྐུ་རིང་ལ་ཁྱབ་བརྡལ་དུ་དར་བའི་རྟེན་འབྲེལ་མ་འགྲིག་པས། རྗེས་སུ་རྭ་སྒྲེང་ཁྲི་རིན་པོ་ཆེ་དང༌། ཉག་བླ་བསོད་རྒྱལ་སོགས་ཀྱིས་ཀྱང་གངས་ལྗོངས་སྤྱིའི་སྐུ་རིམ་དུ་གླིང་བྲོ་འདི་འཁྲབ་སྟོན་ཞིག་ཨེ་ཡོང་བལྟས་ཀྱང༌། གངས་རིའི་ལྗོངས་པ་རྣམས་བསོད་ནམས་དམན་པའི་དབང་གིས་ཁོང་རྣམ་པའི་ཐུགས་འདོད་ཇི་བཞིན་ཞིག་མ་བྱུང་། དེ་རྗེས་བདུད་འཇོམས་ཡང་སྤྲུལ་དང་དིལ་མགོའི་མཁྱེན་བརྩེ་རིན་པོ་ཆེ་སོགས་ཀྱིས་ཀྱང་འདི་དར་སྤེལ་ཞིག་དགོངས་ཀྱང་གངས་རིའི་ལྗོངས་ཀྱི་བདེ་སྐྱིད་དུས་སུ་མ་སྨིན་པའི་སྟབས་ཀྱིས་རྟེན་འབྲེལ་མ་འགྲིག་པ་རེད་ཅེས་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ ༧ འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱིས་གསུངས། འོན་ཀྱང་ཆོས་རྗེ་མཆོག་གི་ཐུགས་བསྐྱེད་དང་འཕྲིན་ལས་ཀྱི་གཟི་འོད་ལ་བརྟེན་ནས་བླ་རུང་ཆོས་སྡེ་ཆེན་མོ་ནས་དར་སྤེལ་རྒྱ་ཆེན་པོ་ཙམ་མཛད། སྔོན་བླ་རུང་ཆོས་སྡེ་ཆེན་མོའི་སྟོན་འཁོར་ཞལ་འཛོམས་པའི་སྐབས་སུ་གླིང་བྲོ་བདེ་ཆེན་རོལ་མོ་འདིའི་འཁྲབ་ཁྲིད་དང་མདོ་འཛིན་པའི་འགན་དམན་བུ་བདག་ལ་བཀལ་ཞིང་། ཆོས་རྗེ་མཆོག་གི་ཞལ་ནས། གླིང་བྲོ་བདེ་ཆེན་རོལ་མོ་འདི་ནི་རང་གའི་གླུ་བྲོ་ཞིག་མིན་པར་རྟེན་འབྲེལ་གྱི་གནད་ཆེ་ཞིང་བྱིན་རླབས་དང་ཕན་ཡོན་ལྡན་པའི་བྲོ་ཞིག་ཡིན་པས། ཁྱེད་རྣམ་པས་རྗེས་ཕྱོགས་བྱ་བ་ཆེན་པོ་གང་ཞིག་མགོ་བརྩམ་ཀྱང་ཐོག་མར་གླིང་བྲོ་འདི་འཁྲབ་སྟོན་ཞིག་གྱིས་ལ་དེ་ནས་མགོ་ཟུང་དང་བྱ་བ་དེ་བདེ་ལེགས་ངང་འགྲུབ་ངེས་ཡིན། འདི་ལ་བདུད་འཇོམས་རིན་པོ་ཆེ་སོགས་ཀྱིས་མཛད་པའི་འཁྲབ་ལུགས་ཤིག་དང༌། གྲུབ་རྗེ་པདྨ་ནོར་བུ་སོགས་ཀྱིས་མཛད་པའི་འཁྲབ་ལུགས་ཤིག་ཀྱང་ཡོད། འོན་ཀྱང་འཁྲབ་ལུགས་ཀྱི་སྟངས་སྟབས་དང་དབྱངས་སོགས་ནི་ཁྱོད་རང་གིས་ལྟོས་ལ་ཅི་བདེ་གང་ཡག་བྱས་ན་ཆོག ཚིག་ནི་གཅིག་ཀྱང་འགྱུར་མི་ཉན། བདེན་ཚིག་གྲུབ་པས་གང་གསུངས་པ། །ཚིག་གཅིག་ལས་ཀྱང་འདའ་མི་བྱ། །གསུངས་པ་བཞིན། ཐ་ན་བསྐྱར་ཟློས་བྱེད་རྒྱུ་ཚུན་ཆད་ཡིག་ཐོག་ན་ཡོད་པ་ཅི་མ་ཅི་བཞིན་ཞིག་ཡོང་དགོས། ཞེས་གསུངས། ཡང་སྐབས་ཤིག་ཁོང་གི་ཞལ་ནས། བླ་རུང་ཆོས་སྡེ་ཆེན་མོའི་དགེ་འདུན་པ་ཚོའི་འཁྲབ་ལུགས་འཁྲབ་སྟངས་འདི་ཧ་ཅང་ཡག་གི འདི་ལ་དགེ་འདུན་མང་བྱོན་གྱི་བྱིན་རླབས་ཤིག་ཡོད་ངེས་པས་ཕྱིན་ཆོད་འཁྲབ་ལུགས་འདི་མ་བསྒྱུར་ནའང་ཡག་གི་ཞེས་ཀྱང་གསུངས་མྱོང༌། ཆས་གོས་ནི་ཐབས་ཤེས་གཉིས་མཚོན་བྱེད་དུ། དཔའ་བོ་རྣམས་ཀྱིས་སྟོད་གོས་དཀར་པོ་དང༌། དཔའ་མོ་རྣམས་ཀྱིས་སྟོད་གོས་དམར་པོའམ་ཡང་ན་སྐག་མདོག་༼ བཙུན་པ་དང་བཙུན་མས་འཁྲབ་ན་མེ་ཏོག་དཀར་དམར་གྱི་ཐོད་རྒྱན་དང་དར་སྣ་ལྔའི་སེ་ཆིངས། དཔའ་བོ་རྣམས་ཀྱི་སྟོད་གོས་སེར་པོའམ་དཀར་པོ། ༽མནབ། རབ་ན་དགའ་བ་བཅུ་དྲུག་མཚོན་བྱེད་དཔའ་བོ་བཅུ་དྲུག་དང་སྟོང་བ་བཅུ་དྲུག་མཚོན་བྱེད་དཔའ་མོ་བཅུ་དྲུག་སྟེ་ཁྱོན་མི་སུམ་ཅུ་སོ་གཉིས་ཀྱིས་ཁྲོབ། འབྲིང་ན་དགའ་བ་བཞི་མཚོན་བྱེད་དཔའ་བོ་བཞི་དང་སྟོང་བ་བཞི་མཚོན་བྱེད་དཔའ་མོ་བཞིས་འཁྲབ་ཀྱང་ཆོག ༼ཕོ་མོ་གཉིས་ཀ་བསྡོམ་པས་བཅུ་དྲུག་ཀྱང་ལེགས་སྙམ།༽ ཐ་ན་ཚིག་ཙམ་དབྱངས་སྙན་པོས་བཏོན་པའམ། ལེ་ཚན་རེ་རེ་ཙམ་འཁྲབ་སྟོན་བྱས་ཀྱང་རྟེན་འབྲེལ་ཆེན་པོ་ཡོད། མདོར་ན་གླིང་བྲོ་བདེ་ཆེན་རོལ་མོ་འདི་གང་དུ་དར་བའི་ཡུལ་ཁམས་དེར་ཁ་དགེ་བཀྲ་ཤིས། ཕུན་སུམ་ཚོགས་པ་དང༌། ཆོས་སྲིད་ལུགས་གཉིས་ཀྱི་ལེགས་ཚོགས་ཐམས་ཅད་གོང་ནས་གོང་དུ་འཕེལ་བའི་རྟེན་འབྲེལ་ཁྱད་པར་ཅན་ཡོད་ཅེས་ཆོས་རྗེ་མཆོག་གིས་ཡང་ཡང་གསུངས་ཤིང་ཐུགས་གཙིགས་བླ་མེད་མཛད། དེས་ན་རིས་མེད་བསྟན་འགྲོའི་དཔུང་གཉེན་ཁོང་གི་ཐུགས་བཞེད་ཇི་བཞིན་འགྲུབ་པར་སློབ་འབངས་ཡོངས་དང་བོད་རིགས་སྤུན་ཟླ་རྣམ་པས་ཐབས་མཁས་ཀྱི་སྒོ་ནས་འབད་པ་གནང་རོགས་ཞུ་ཞུ་ཞུ། ཞེས་པའང་སྤྱི་ལོ ༢༠༡༧.༥.༢༥་ལ་གཙང་རིགས་སྐལ་བཟང་རྣམ་འདྲེན་གྱིས་གུས་ཕུལ།

评论

等待加载中…